༄༅།། གསལ་བརྡ།    དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡའི་ཡིག་གཟུགས་དང་IE-8སྤྱོད་དགོས། ཧི་མ་ལ་ཡའི་ཡིག་གཟུགས་འདི་ནས་ཕབ་ལེན་བྱོས་ཆོག།   IE-8འདི་ནས་ཕབ་ལེན་བྱོས་ཆོག།

ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། རྨ་རྒྱལ་གངས་ཐིགས་དྲ་བ། >> ངེད་ཀྱི་སྐོར། >> ༄༅།། མཚོ་སྔོན་འབྲོག་ཁུལ་གྱི་ཁོར་སྲུང་སློབ་གསོའི་བགྲོ་གླེང་ཟིན་བྲིས། ༼ ཕྱི་དྲོ། ༽

༄༅།། མཚོ་སྔོན་འབྲོག་ཁུལ་གྱི་ཁོར་སྲུང་སློབ་གསོའི་བགྲོ་གླེང་ཟིན་བྲིས། ༼ ཕྱི་དྲོ། ༽

རྩོམ་པ་པོ། ཕྱག་རྡོར། བཀྲ་ཤིས་རྡོ་རྗེ། ཚེ་བརྟན་རྒྱལ།

རྩོམ་འདི་ཐེངསལ་བལྟས། [ ཡིག་འབྲི་ཆེ་ཆུང་།   ཆེ  འབྲིང་།  ཆུང་། ][ ཉེར་ཚགས་བྱེད་པ། ] [ པར་དུ་སྐྲུན་པ། ] [ དྲ་ངོས་བསུམ་པ།]

༡༽གཏམ་བཤད་མཁན། ལྡོང་ནོར་སྡེ། བོད་ཀྱི་རྩོམ་པ་པོ་གྲཊ་ཅན་ནམ་མགོ་ལོག་ཁུལ་དམངས་ཆེན་གྱི་འགོ་གཙོ་གཞོན་པ།
གཏམ་བཤད་ཀྱི་ནང་དོན། འབྲོག་པ་དང་རྩྭ་སའི་བར་གྱི་འབྲེལ་བ།
ཐོག་མར་ཚོགས་པ་གཉིས་ཀྱིས་མཉམ་སྒྲུབ་བྱས་ནས་དོན་སྙིང་ལྡན་པའི་བྱ་བ་འདི་ལྟ་བུ་ཞིག་བསྒྲུབ་པར་བཀའ་དྲིན་ཆེ་ཞུས་པ་ཡིན། འབྲོག་པ་དང་རྩྭ་སའི་བར་གྱི་འབྲེལ་བ་ནི་མགོ་ནག་བརྟེན་ས་སྤུ་ནག་དང་། སྤུ་ནག་བརྟེན་ས་སྤང་སྤུ་ཞེས་པའི་དཔེ་བཞིན་འབྲོག་པའི་འཚོ་བ་དང་ཐད་ཀར་འབྲེལ་ཡོད། རྩྭ་སའི་བདག་པོ་རྒྱལ་ཁབ་ཡིན་པ་དང་། རྒྱལ་ཁབ་མི་དམངས་ཀྱིས་གྲུབ་པས། རྩྭ་སའི་བདག་པོ་མི་དམངས་ཀྱང་ཡིན། དེ་བས་མི་དམངས་ལ་རྩྭ་ས་བེད་སྤྱོད་པའི་དབང་ཆ་ཡོད། རྒྱལ་ཁབ་དབུ་བརྙེས་ནས་ད་ལྟའི་བར་རྩྭ་སར་དོ་དམ་བྱེད་སྟངས་མང་པོ་བྱུང་ཡང་། ད་ལྟ་བདག་པོ་རྒྱལ་ཁབ་རེད། འབྲོག་པ་མང་ཚོགས་ཀྱིས་ཁྲིམས་ལྟར་བཀོལ་སྤྱོད་བྱེད་རྒྱུ་གལ་ཆེ། དཔོན་ངན་ཁ་ཤས་ཀྱིས་རྩྭ་སར་བཀོལ་སྤྱོད་འདྲ་མིན་སྣ་ཚོགས་བྱེད་བཞིན་ཡོད་པས། འབྲོ་པ་མང་ཚོགས་ཀྱིས་རྩྭ་སའི་ཁྲིམས་ལུགས་ལ་སློབ་སྦྱོང་བྱེད་རྒྱུ་གལ་ཆེ། སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་ཡོད་པ་དང་། མི་རབས་ནས་མི་རབས་བརྒྱུད་པའི་རྩྭ་ས་བདག་སྐྱོང་བྱེད་སྟངས་ལ་བསམ་གཞིག་དང་། སྔོན་ཐོན་གྱི་འཁོར་སྲུང་བསམ་བློར་སློབ་སྦྱོང་བྱེད་དགོས། ཐང་ཡིག་གསར་རྙིང་དུ། གཞན་ལ་བརྩེ་བ་སྙིང་བརྗེ་ཡིན། ཡུལ་འཁོར་སྐྱོང་བ་གཞུང་དྲང་ཡིན། གནམ་ལ་སྐྲག་པ་ཤེས་རབ་ཡིན། ལྷ་ལ་བཀུར་བ་གུས་ལུགས་ཡིན་ཞེས་པ་ལྟར། སྐྱེ་དངོས་སྲུང་སྐྱོབ་ཀྱི་ཆེས་རྩ་བའི་རྩ་བར་གྱུར་བ་ནི་དད་མོས་ཡིན། དེ་བས་ང་ཚོས་གནས་ལུགས་ལྟར་ཁྲིམས་ལུགས་ལྟར། ཏང་དང་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་ལྟར། ལྷ་ཆོས་དང་མི་ཆོས་གཉིས་ཀྱི་སྒོ་ནས་རྩྭ་སར་སྲུང་སྐྱོབ་བྱ་དགོས་སོ།།


༢༽ གཏམ་བཤད་མཁན། བཀྲ་ཤིས་ཚེ་རིང་། མཚོ་སྔོན་ཞིང་ཆེན་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་བྱེད་པ།
གཏམ་བཤད་ཀྱི་ནང་དོན། རྩྭ་སའི་བཅའ་ཁྲིམས།
    གཅིག ཡུན་རིང་བའི་ཉམས་མྱོང་ལས་རྩྭ་སར་གཏོར་བརླག་གཏོང་མཁན་ཨ་བྲ་གཅིག་པུ་མ་ཡིན་སྙམ། ཨ་བྲ་དང་ཐོག་ནས་ཡོད་མོད་སྔོན་རྩྭ་སར་དེ་འདྲའི་གནོད་སྐྱོན་ཐེབས་མེད། ད་ལྟ་ཧ་ཅང་ཚབས་ཆེ། དུག་གིས་བསད་པས་སྲོག་ཆགས་གཞན་མང་པོའང་མེད་པར་གྱུར་འགྲོ 
    གཉིས། གཞུང་ལམ་བསྐྲུན་པ་ལས་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད། གཞུང་ལམ་གྱི་འགྲམ་གཉིས་ཀྱི་རྨ་ཁ་ལས་ས་ཆ་རལ་རིལ་བྱུང་བཞིན་ཡོད་ལ། ལོ་རེ་ནས་ལོ་རེར་ཆེར་འགྲོ་བཞིན་ཡོད། དེ་ལ་དེང་རབས་རྩོམ་པ་པོ་གཅན་མེ་སྟག་གིསབཤད་པའི་ས་ཆེན་གྱི་པགས་ནད་ཞེས་པ་འདི་ལྟ་བུ་ཞིག་ལོས་ཡིན་སྙམ་པའི་སྣང་བ་ཡང་བཅོས་མིན་སྟེར།
   གསུམ་པ། གཏེར་ཁ་མང་པོ་སྔོགས་པ་ལས་སའི་མདངས་ཡལ་བ་དང་བཅུད་ཤོར་བ། དེ་སླར་གསོ་བྱེད་ཀྱི་ཡང་མེད་པས་ཁོར་ཡུག་ལ་གནོད་སྐྱོན་ཐེབས་པ་ཚབས་ཆེ། དེ་བས་ཁོར་ཡུག་གི་གནོད་སྐྱོན་ཨ་བྲ་ཁོ་ན་མིན་པར་ཕྱོགས་མང་པོ་ཞིག་ནས་ཡོད་པར་སྙམ། 
    བཞི། རྒྱ་བོད་ཀྱི་རིག་གནས་རྒྱབ་ལྗོངས་མི་འདྲ་བས་ཁྲིམས་ལུགས་དང་འཆམ་མཐུན་ལ་གོ་བ་ལེན་སྟངས་ཀྱང་མི་འདྲ། ཞི་དྲག་གི་ཁྲིམས་གཉིས་ཡོད་པ་ལས་དྲག་པོའི་ཁྲིམས་བསྒྲགས་ཡུན་རིང་བས། མང་ཚོགས་ལ་འཇིགས་སྣང་བཟོས་ཤིང་། མང་ཚོགས་ཁྲིམས་དང་ཁ་ཐག་ཇེ་རིང་ནས་ཇེ་རིང་དུ་གྱུར། སྲིད་གཞུང་གིས་ཁྲིམས་ལུགས་བསྒྲག་ཚུལ་ལ་སྐྱོན་ཡོད་པ་དང་། མང་ཚོགས་ཀྱིས་གོ་བ་ཡང་དག་པ་ཞིག་ལོན་མེད་བསམ། རྩྭ་སའི་བཅའ་ཁྲིམས་ལྟར་ན། རྩྭ་སའི་དབང་བའི་ཆ་རྒྱལ་ཁབ་ལ་དབང་ཞིང་། རྒྱལ་ཁབ་ཀྱིས་ཐུན་མོང་ལ་སྤྲད་པ་དང་། ཐུན་མོང་གིས་གན་རྒྱ་དང་བཅས་དེ་མི་སྒེར་ལ་སྤྲད་ཡོད། མི་སྒེར་ལ་བེད་སྤྱོད་ཀྱི་དབང་ཆ་མ་གཏོགས་བརྒྱུད་བཤིག་སྤྲོད་གསུམ་གྱི་དབང་ཆ་མེད། འགན་གཙང་ལེན་གྱི་དུས་ཡིན་ལོ་སུམ་ཅུ་ཡིན་ལ། དེའི་རྗེས་ཀྱི་འཆར་གཞི་ཅི་ཡང་བཤད་མེད།
ལྔ། བདག་གིས་བསམ་ན་ཚོགས་པ་འཛུགས་དོན་ནི་མི་སྒེར་གྱིས་སྒྲུབ་མི་ཐུབ་པའི་བྱ་བ་ཚོགས་པས་བསྒྲུབ་པ་དང་། ཚོགས་པས་བྱ་བ་བསྒྲུབ་ན་ངེས་པར་དུ་ཁྲིམས་ལ་བརྟེན་དགོས་ཤིང་། དེའི་སྐོར་གྱི་ཁྲིམས་ལུགས་ཤེས་རྒྱུ་གལ་ཆེ། ཚོགས་པས་འབྲོག་པའི་གནས་ཚུལ་ཞིབ་ཚགས་ཅན་ཞིག་རྒྱུས་ལོན་བྱས་རྗེས། ས་གནས་དང་འཚམ་པའི་འཁོར་སྲུང་སྒྲིག་ཁྲིམས་གཏན་འཁེལ་བྱས་ཏེ། གོང་རིམ་འབྲེལ་ཡོད་སྲིད་གཞུང་གི་ལས་ཁུངས་ལ་སྙན་ཞུ་ཕུལ་ནས་གཏན་འབེབ་བྱེད་དུ་འཇུག་རྒྱུ་གལ་ཆེ་སྙམ། 

༣༽གཏམ་བཤད་མཁན། མགོན་ལྷ། སྔོན་མགོ་ལོག་ཁུལ་ཡུལ་སྐོར་ལས་ཁུངས་ཀྱི་འགོ་གཙོ།
གཏམ་བཤད་ཀྱི་ནང་དོན། འབྲོག་སར་ས་ཆུ་རི་གསུམ་གཙང་བའི་ཁྱད་ཆོས་ལྡན་པ་དང་། མི་རིགས་རིག་གནས་ཀྱི་དགོངས་དོན་ལྟར་ན་ཡང་། ས་གང་བྱུང་དུ་མི་སློག་པ། ཆུ་གང་བྱུང་དུ་མི་རྙོག་པ། རྩི་ཤིང་གང་འདོད་དུ་གཅོད་མི་ཉན་པ་སོགས་ཁོར་སྲུང་འདུ་ཤེས་ཟབ། ང་ཚོས་གདན་དོན་ཞིབ་འཇུག་དང་རིག་པས་མ་དཔྱད་པས་གནད་དོན་མང་པོ་བྱུང་། དཔེར་ན། མགོ་ལོག་ས་ཆ་ནས་ཞིང་བཏབ་པ། ཕྱུགས་བཤའ་རྒྱུར་ཚད་བཟུང་བྱས་པས། མི་ལྟོགས་ནས་ཤི་བའི་ཚད་ལ་ཡང་སླེབས། སྤྱི་ལོ་ང་བརྒྱད་ནས་བཟུང་རྣམ་པ་མི་འདྲ་བའི་སྒོ་ནས་ཨ་བྲ་བསད། ཨ་བྲ་ལ་དུག་འཕེན་པའི་བྱེད་ཐབས་ལས། ཨ་བྲ་དང་ཨ་བྲ་ཡི་ཁ་གནོན་གྱི་སྲོག་ཆགས་མང་པོ་མེད་པར་གྱུར་པ་དང་། ཨ་བྲ་འཕེལ་ཁ་མགྱོགས་པ་དང་། གཉེན་པོ་འཕེལ་བ་དལ་བས་བྲ་གནོད་སྔར་ལས་ཀྱང་ཚབས་ཆེན་དུ་གྱུར་བས། དུག་གིས་ཨ་བྲ་གསོད་པ་ནི་ཐབས་ཤེས་ཡག་པོ་མ་ཡིན་ལ། རྩྭ་སར་ཡང་མི་ཕན་པར་འདོད།
སྐྱེ་ཁམས་ཀྱི་ཕྱོགས་ནས་དབྱར་རྩྭ་དགུན་འབུ་རྐོ་བར་ལོ་མང་པོར་བཀག་འགོག་བྱས་མོད་རྐོ་མཁན་རྒྱུན་མ་ཆད། སྲིད་གཞུང་རིམ་པས་ཕྱི་ཚུལ་ནས་ཐབས་སྣ་ཚོགས་ཀྱིས་བཀག་མོད་འོན་ཀྱང་འཁོར་སྲུང་ལ་ནུས་པ་ཅུང་ཟད་ཀྱང་ཐོན་མེད། དེ་བས་ངས་བསམ་ན་མང་ཚོགས་ཀྱི་སེམས་སུ་ཡང་དག་པའི་འཁོར་སྲུང་གི་ལྟ་བ་སྐྱེད་རྒྱུ་གལ་ཆེ། མགོ་ལོག་གི་གཏེར་ཁ་སྔོགས་འདོན་གྱི་ཚབས་ཆེ་ཡང་ས་གནས་མང་ཚོགས་ལ་ཡོང་སྒོ་ཧ་ཅང་ཉུང་། འདི་ཕྱོགས་ལ་ཡང་ཚང་མའི་བསམ་བློ་གཏོང་དགོས་སྙམ། རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱང་ས་གནས་ཀྱི་གནས་བབ་དང་དགོས་མཁོ་ལ་བསམ་ནས་གཏན་འཁེལ་བྱེད་པའི་གྲོས་གཞི་འདོན་དགོས། འབྲོག་པའི་ཕྱུགས་གྲངས་ཇེ་ཉུང་དུ་གཏོང་བ་ནི་འབྲོག་པའི་འཚོ་བ་དངོས་དང་མི་མཐུན། མང་ཚོགས་ཚང་མས་ཁྲིམས་ལུགས་ཀྱི་གོ་རྟོགས་ཞན་པས་འབྲེལ་ཡོད་ལས་ཁུངས་དག་གིས་བརྒྱུད་སྒྲོག་ལེགས་པོ་བྱེད་དགོས། ཚུལ་དང་མཐུན་པའི་ལམ་ནས་གཏེར་ཁ་སྔོགས་འདོན་བྱས་ན་དམངས་ཀྱི་འཚོ་བ་ལ་ཡང་ཕན་ཐོག་ཡོད་པས། ཚད་ལས་མི་བརྒལ་བ་ཧ་ཅང་གལ་ཆེ་བར་སྙམ།


༤༽ གཏམ་བཤད་མཁན། བཀྲ་བ། ཡུལ་ཤུལ་རྒྱང་བརྙན་ཁང་།
ནང་དོན་གཙོ་བོ། སྐྱེ་ཁམས་གནས་སྤོར་གྱིས་རྩྭ་ས་ལ་ཐེབས་པའི་ཤུགས་རྐྱེན།
༡ སྐྱེ་ཁམས་ཞེས་པའི་སྐྱེ་ཞེས་པ་དེ། སྐྱེ་འགྲོ་སེམས་ཅན་ལ་གོ་བ་དང་། གཞུང་ལུགས་ལས་བཅུད་ཀྱི་སེམས་ཅན་ཞེས་པ་དེ་ཡིན།
ཁམས་ཞེས་པ་ནི་རྟེན་ཏེ་སྣོད་ཀྱི་འཇིག་རྟེན་ལ་གོ་བ་ཡིན།
དེ་གཉིས་ཀྱི་འབྲེལ་བ་ནི་རྟེན་ཀྱང་འབྲེལ་འབྱུང་གི་འབྲེལ་བ་ཡིན། རྟེན་ཀྱང་འབྲེལ་འབྱུང་གི་རང་བཞིན་ལས་ལྡོག་ན། རི་ཉིལ་བ་དང་ཆུ་སྐྱོམ་པ་ལ་སོགས་པའི་གནོད་འཚེ་བྱུང་ནས་སྣོད་བཅུད་གཉིས་ཕན་ཚུན་དགྲ་རུ་གྱུར་བ་དེ་ཡང་རྟེན་འབྱུང་ལོག་པའི་ཆོས་ཉིད་ཅིག་ཡིན།
༢ གནས་སྤོ་ཞེས་པ་དེ་ཡང་སྣོད་བཅུད་རྟེན་འབྱུང་ལོག་པའི་འབྲས་བུ་ཞིག་རེད། འབྲོག་པ་འབྲོག་ས་ལས་ཕབས་ནས་གྲོང་ལ་ཡོང་ན་འབྲོག་པའི་འཚོ་བའི་ཐབས་ཤེས་དང་འབྲོག་པའི་རིག་གནས་མང་བོ་ཞིག་བསྐྱུར་ནས་ཡོང་བ་ཡིན། འབྲོག་པའི་འབྲོག་སར་རྟེན་འབྱུང་ཆོས་ཉིད་དང་མཐུན་པའི་འཚོ་ཐབས་ཞིག་ཡོད་དེ། དཔེར་ན། འབྲོག་པའི་ཁ་དཔེ་ལ། ལུག་འཕེལ་རྒྱས་གཏོང་དགོས། རྟ་ཚད་དང་ལྡན་དགོས། ནོར་ཚོད་འཛིན་བྱེད་དགོས། ཞེས་པ་ལྟ་བུའི་ཉམས་མྱོང་རྒན་པོའི་ངག་ལས་བྱུང་བའི་ཐབས་མཆོག་མང་བོ་ཡོད། འབྲོག་པའི་ཁོར་ཡུག་བོར་ན་འབྲོག་པའི་འཚོ་བ་བོར་འགྲོ་ལ། འབྲོག་པའི་རིག་གནས་ཀྱང་བོར་འགྲོ། དེ་འདྲ་ཡིན་ན།མཐར་བོད་ཀྱང་བོར་འགྲོ་བ་ཡིན།

         བགྲོ་གླེང་།

         ༥༽ གཏམ་བཤད་མཁན། གྱི་ལང་འཇིགས་མེད། རྭ་རྒྱ་ཤེས་རིག་ནོར་བུའི་གླིང་གི་དགེ་རྒན།
          ནང་དོན་གཙོ་བོ། ང་རང་དགེ་རྒན་ཞིག་ཡིན་པ་དང་སློབ་ཁྲིད་ཀྱི་དགོས་མཁོའི་དབང་གིས་དབྱར་དགུན་གནང་གི་སྐབས་སུ་བླ་བྲང་དུ་སོང་ནས་བོད་ཀྱི་ས་དཔྱད་རིག་པ་བསླབ་མྱོང་། སྐྱེ་ཁམས་ཉམས་རྒུད་དུ་སོང་བ་བཅོས་ཐབས་མང་། རྒྱ་ཡིག་གི་དཔེ་ཆ། 水知道答案 བཀླགས་པ་དང་དེ་གལ་ཆེ་བར་དགོངས་ནས་བོད་ཡིག་དུ་བསྒྱུར། དེའི་ནང་གཙོ་བོ་ཆུ་ལ་སྲུང་སྐྱོབ་བྱེད་དགོས་པ་དང་ཆུ་ནི་སྐྱེ་འགྲོ་ཀུན་གྱི་འབྱུང་ཁུངས་ཡིན་པར་བཤད་ཡོད།ངའི་བསམ་ན་སྐྱེ་ཁམས་ཉམས་གསོ་བྱེད་པར་དེང་ཐོག་དེའི་རྒྱུ་གསལ་བར་ཤེས་དགོས།བྱམས་སྙིང་རྗེ།ཀུན་སློང་གཞན་ཕན་གྱི་བསམ་བློ་བརྩེ་བ་ཡང་དག་པ་ཡོད་པ་ལས་ཁྲེལ་ངོ་ཚ་འབྱུང་ལ་དེ་ལས་ཁྲིམས་རང་བཞིན་གྱིས་སྲུང་བ་དང་། ཁོར་སྲུང་ཡང་རང་བཞིན་གྱིས་བསྒྲུབ་ཐུབ།མིའི་ཡང་དག་པའི་བསམ་བློ་གསོ་སྐྱོང་བྱས་ན་བྱ་བ་ཐམས་ཅད་ལེགས་པར་སྒྲུབ་ཐུབ་པར་གདོན་མི་ཟ་བར་ངེས་སོ་སྙམ། 


བགྲོ་གླེང་།
       གཏམ་བཤད་མཁན། བཀྲ་རྡོ། གཙང་གསུམ་འབྱུང་ཁུངས་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་དྲུང་ཆེན།
      ནང་དོན་གཙོ་བོ།  དབྱར་རྩྭ་རྐོ་བ་དང་གཏེར་ཁ་སློག་པ་སོགས་ལ་བཀག་འགོག་བྱེད་པར་ཐབས་ལམ་ཡག་ཤོས་ཞིག་དང་འོས་འཚམ་ཞིག་སྤྱད་ནས་དབང་འཛིན་པ་ལ་དེང་ལེན་བྱེད་དུ་འཇུག་དགོས། ཁོར་ཡུག་སྲུང་སྐྱོབ་བྱེད་པ་ལ་རྒྱལ་ཁབ་ཀྱི་སྲིད་ཇུས་དང་ས་གནས་དེའི་ཐབས་ཤེས་མང་པོ་ལས་གང་ལ་གང་འཚམ་ཞིག་སྤྱོད་དགོས་པ་ཡིན།དཔེར་ན་སྲིད་གཞུང་ལ་ཞུ་ཡིག་འབུལ་སྐབས་སྲིད་གཞུང་གི་མགོ་ཁྲིད་འོག་དང་ཏང་གི་ཡིག་ཆའི་དགོངས་དོན་ལྟར་ཞེས་པ་སོགས་འགྲོ་ལུགས་དང་མཐུན་པར་བྱེད་དགོས་པར་སྙམ།


བགྲོ་གླེང་།
གཏམ་བཤད་མཁན། བཀྲ་ཤིས་ཚེ་རིང་། མཚོ་སྔོན་ཞིང་ཆེན་འབྲིང་རིམ་མི་དམངས་ཁྲིམས་ཁང་།
ནང་དོན་གཙོ་བོ།གཏེར་ཁ་སློག་མིན་མགོ་ལོག་མི་དམངས་ལ་རགས་ལས་པ་ཞིག་ཡིན། གལ་ཏེ་མི་མཐུད་དུ་སྔོགས་འདོན་བྱེད་དུ་འཇུག་བསམ་ན། རང་ཉིད་ཀྱི་ཁེ་ཕན་ལ་བསམ་བློ་བཏང་ནས་དེ་དང་མཐུན་པའི་ཐབས་ཤེས་སྤྱོད་དགོས།བཀག་འགོག་བྱེད་རྒྱུ་ཡིན་ན།ཞུ་གཏུགས་ཀྱི་ཐབས་ལམ་དང་རྒྱབ་བརྟེན་གྱི་བཅའ་ཁྲིམས་སོགས་ལ་རྒྱུས་ལོན་ཡང་དག་པ་བྱས་ཏེ་གང་ལ་དེ་འཚམ་གྱི་ཐབས་ཤེས་སྤྱོད་དགོས།
ཕྱི་དྲོའི་ཚོགས་འདུ་མཇུག་རྫོགས།


རྩོམ་སྤེལ་དུས་ཚོད། 2011-05-22 22:32:37རྩོམ་གྱི་འབྱུང་ཁུངས། ངེད་དྲ་བ།


གོང་དངོས།༄༅།། མཚོ་སྔོན་འབྲོག་ཁུལ་གྱི་ཁོར་སྲུང་སློབ་གསོའི་བགྲོ་གླེང་ཟིན་བྲིས། ༼ སྔ་དྲོ། ༽
འོག་ངོས།༄༅།།ཐེངས་གསུམ་པའི་གཟའ་ཉི་མའི་བགྲོ་གླེང་སྟེ་། ཁོར་ཡུག་ལ་བཅིངས་བའི་དུང་སེམས། ༼ སྔ་དྲོ། ༽

དཔྱད་གླེང་།

དཔྱད་གཏམ་སྤེལ་བ།

པར་ངོས་འདིའི་པར་དབང་རྨ་ཡུལ་བོད་ཀྱི་སྐྱེ་ཁམས་རིག་གནས་དང་ཁམས་གསོ་བདེ་སྲུང་མཐུན་ཚོགས་ལ་དབང་པས།
ཆོག་མཆན་མེད་ན་ནང་དོན་གང་རུང་བརྒྱུད་འགོད་དམ་ལྐོག་སྦྲེལ་བྱས་མི་ཆོག
ཡིག་ཟམ།gangdi888@163.comཁ་པར། ༠༩༧༥༨༣༨༣༧༡༣
青ICP备11000008号